Quantcast
Channel: Tibet in exile news – Tibetan Women's Association
Viewing all articles
Browse latest Browse all 165

   བུད་མེད་སྒེར་ལངས་ཐེངས་ ༥༦ ཐོག་བུད་མེད་ལྷན་ཚོགས་ཀྱི་གཏམ་བཤད།

$
0
0

banner-fb༄༅།། དེ་རིང་གི་ཉིན་མོ་ནི་༡༩༥༩ ལོར་བོད་རྒྱལ་ཁབ་ཆགས་འཇིག་འགྲོ་བའི་ཛ་དྲག་ཅི་ཆེའི་སྐབས་སུ།

རང་རེའི་བུད་མེད་རྣམས་ཀྱིས་ཀྱང་རྒྱལ་གཅེས་ལྷག་བསམ་སྙིང་སྟོབས་ཞུམ་པ་མེད་པར།   ཕྱི་ལོ་ ༡༩༥༩ ཟླ་
༣ ཚེས་ ༡༢ ཉིན་ཆོལ་གསུམ་བོད་ཀྱི་བུད་མེད་ཀྱི་སྒྲིག་འཛུགས་གསར་བཙུགས་ཞུས་ཏེ་ཆབ་སྲིད་ཀྱི་འགན་ མཉམ་འཁུར་གྱིས་རྒྱ་ནག་དམར་གཞུང་གིས་ཁྲིམས་འགལ་ཐོག་བོད་སར་དབང་བསྒྱུར་བྱས་པར་བདེན་རྒྱབ་ འཚོལ་བའི་ཞུ་གཏུགས་སྙན་ཞུ་འབུལ་བ་དང་། གཞི་རྒྱ་ཆེ་བའི་བུད་མེད་ཀྱི་སྒེར་ལངས་ལས་འགུལ་སྤེལ་ནས། ལོ་ངོ་ ༥༦ འཁོར་བའི་གལ་ཆེན་གྱི་ཉིན་མོ་ཞིག་ཡིན།

དེ་ནི་བོད་ཕྱི་ནང་གཉིས་སུ་གནས་པའི་བུད་མེད་ཙམ་མ་ཡིན་པར། བོད་མི་ཡོད་དོ་ཅོག་གི་བརྗེད་ཐབས་ མེད་པའི་ལོ་རྒྱུས་རང་བཞིན་ལྡན་པའི་གལ་ཆེན་གྱི་ཉིན་མོ་ཞིག་ཆགས་ཡོད། ལས་འགུལ་ནང་བུད་མེད་ བརྒྱ་ཕྲག་བརྒལ་བས་སྐུ་སྲོག་ཤོར་ཡོད་་པ་དང་། འགོ་འཁྲིད་བུད་མེད་རྣམས་འཛིན་བཟུང་བཙོན་འཇུག་ བྱས། མཐར་རིག་གནས་གསར་བརྗེ་སྐབས་དཔའ་མོ་རྣམས་དམར་བསད་བཏང་བའི་ཡིད་སྐྱོའི་བྱུང་རིམ་ རྣམས་རྡོ་བཀོད་རི་མོ་བཞིན་དངོས་ཡོད་ལོ་རྒྱུས་ནང་གསལ་ཡོད།  དེ་རིང་གི་གོ་སྐབས་འདི་བརྒྱུད་རྒྱལ་ གཅེས་དཔའ་མོ་རྣམས་ཀྱི་དཔའ་མཛངས་སྙིང་སྟོབས་ཀྱི་མཛད་རྗེས་ལ་སྙིང་ནས་གུས་བཏུད་ཞུ་མཚོན་མེ་ཏོག་བཏོར་བ་དང་སྦྲགས་ཡིད་རངས་བསྔགས་བརྗོད་དང་བཀྲིན་རྗེས་དྲན་ཞུ་རྒྱུ་ཡིན།

ཕྱོགས་མཚུངས་བོད་ཕྱི་ནང་གཉིས་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༡༤༢ ཡིས་སྐུ་ལུས་མེར་བསྲེགས་ གནང་སྟེ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་བཟུང་སྲིད་བྱུས་ལ་ཚེ་སྲོག་གིས་ངོ་རྒོལ་གནང་བའི་   རྒྱལ་ཞེན་གཡོལ་མེད་ཀྱི་མཛད་རྗེས་ལ་མགོ་ནག་བོད་མི་ཡོངས་ནས་ཡིད་རངས་དང་གདུང་སེམས་མཉམ་བསྐྱེད་ཞུས་ཐོག   བོད་ཀྱི་བདེན་པའི་འཐབ་རྩོད་ཁོ་ནར་དམིགས་ཏེ་གསར་བཙུགས་བྱུང་བའི་བོད་ཀྱི་བུད་ མེད་ཀྱི་སྒྲིག་འཛུགས་ཀྱི་དམིགས་ཡུལ་གཞི་དང་རྩ་བར་བཟུང་ནས། ༡༩༨༤ ལོར་བཙན་བྱོལ་ནང་སླར་གསོ་
ཐོག་ད་བར་ལོ་ངོ་ ༣༡ འགྲོ་བའི་བརྒྱུད་རིམ་བུད་མེད་ཀྱི་སྒྲིག་འཛུགས་སྲ་བརྟེན་ཡར་རྒྱས་ཚགས་ཚུད་ཡོད་ མུས་ནི་རྒན་རབས་གཙོ་བོར་འགྱུར་བའི་བུད་མེད་རྣམས་ཀྱིས་སྔ་ཕྱི་བར་གསུམ་ལྷག་བསམ་རྣམ་དག་གིས་ བོད་སྤྱི་བའི་ལས་དོན་གྱི་ཁུར་འགན་བཞེས་སྟེ་སྐུ་ལས་བསྐྱོན་ཡོད་པར་བརྗེད་མེད་ཀྱིས་བཀྲིན་རྗེས་དྲན་ཞུ་ ཡི་ཡོད།   བུད་མེད་ལྷན་ཚོགས་ཀྱི་སྒྲིག་གཞི་དགོངས་དོན། གཙོ་བོ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་ པོ་མཆོག་ལ་བློ་སེམས་རྩེ་་གཅིག་གི་དད་བཀུར་གཡོ་མ་མེད་པར་ཤར་བསྐྱོད་ཞུ་མཁན་གྱི་སྒྲིག་འཛུགས་ཤིག་དང་བོད་དོན་འཐབ་རྩོད་ལས་འགུལ་སྤེལ་མཁན་ལོ་རྒྱུས་རང་བཞིན་ལྡན་པའི་བུད་མེད་ཀྱི་སྒྲིག་འཛུགས་ གཅིག་པོ་དེའང་ཆགས་ཡོད།

བོད་ནང་གི་གནས་སྟངས་ནི་མུ་མཐུད་ཛ་དྲག་གི་རང་བཞིན་ལས་གྲོལ་མེད། རྒྱ་གཞུང་གིས་མུ་མཐུད་བོད་ཀྱི་ བསྟན་སྲིད་གཉིས་དང་རི་ཆུ་ནགས་གསུམ་རྩ་མེད། གཏོར་བརླག   བཤུ་གཞོག་དང་སྒེར་གཅོད་ཁོ་ནའི་ལམ་ བོད་མི་སུན་གཙེར་དང་དཀའ་ངལ་འཕྲད་མུས་ཡོད་ཁྲོད། ཉེ་བའི་ལོ་འགའ་ནས་བཟུང་། བོད་རིགས་དང་ རྒྱ་རིགས་གཉེན་སྒྲིག་བྱུང་ན་དགའ་བསུའི་བྱ་དགའ་དང་དམིགས་བསལ་ཐོབ་ཐང་བཟང་བ་སྤྲོད་པ་སོགས་ ཀྱི་ལམ་ནས་བོད་མིའི་རིགས་རྒྱུད་རྩ་བརླག་གཏོང་འཆར་གྱི་རྔམ་གནག་གི་སྲིད་བྱུས་ཤིག་མངོན་གསལ་ཐོག་སྤེལ་བཞིན་པར།   ངེད་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་སེམས་འཚབ་ཆེ་ཆེར་བྱུང་ནས་སྔ་ལོ་བུད་མེད་སྒེར་ ལངས་ཉིན་ཅི་ལྟར་ཐག་བཅོད་བྱུང་བ་བཞིན་༼རྒྱའི་བཙན་གནོན་འོག་རྒྱ་བོད་མི་རིགས་འདྲེས་ལྷད་དང་༽
རང་རེའི་གཞུང་མང་གཉིས་ཀ་བཙན་བྱོལ་དུ་གྱར་རྗེས་རང་མོས་ཀྱི་སྒོ་ནས་༼མི་རིགས་གཞན་དང་གཉེན་ སྒྲིག་༽ ཟིན་པའི་་ཞིབ་འཇུག་གྲུབ་དོན་གྱི་སྙན་ཐོ་དེབ་ཆུང་གཉིས་འདི་ལོའི་བུད་མེད་སྒེར་ལངས་ཐེངས་ ༥༦ པའི་མཛད་སྒོར་དབུ་འབྱེད་བྱེད་ཐུབ་པ་བྱུང་བ་བཞིན།   དོ་སྣང་ཅན་དང་ཞིབ་འཇུག་གནང་མཁན་ལ་ད་འྟའི་བོད་མིའི་གཉེན་དོན་གྱི་གནས་བབ་མཁོ་སྤྲོད་ཀྱི་རྒྱུ་ཆ་ཙམ་དུ་ཐུགས་ཕན་གསོ་བའི་རེ་བ་བཅིངས་ཀྱི་ཡོད་པ་ལས། གང་ཟག་སྒེར་གྱི་བྱེད་བབ་དང་དེའི་ཐོབ་ཐང་ལ་སྣང་ཆུང་བྱེད་པའི་ཀུན་སློང་མེད་ཐོག དེ་བས་སླད་ཕྱིན་དེ་ལྟར་བྱེད་མི་ཆོག་ཅེས་བཤད་པའི་དབང་ཚད་ངེད་བུད་མེད་ལྷན་ཚོགས་ལ་མེད་མོད།   འོན་ཀྱང་གནད་དོན་འདི་ལ་གཞུང་སྒེར་སུས་ཀྱང་སྣང་མེད་བྱེད་རུང་བ་ཞིག་ཀྱང་མིན་པའི་གསལ་འདེབས་ ཞུ་ཡི་ཡོད།

༼བོད་ཀྱི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་བསྟི་གནས་ཁང་གིས་ཕྱི་ལོ་ ༢༠༡༤ ལོའི་བོད་ནང་གི་འགྲོ་བ་མིའི་ ཐོབ་ཐང་་སྐོར་ལོ་འཁོར་སྙན་ཐོ་འདོན་པ་གཞིར་བཟུང་བོད་ནང་ཆབ་སྲིད་བཙོན་པ་ ༢༡༡༠ ཡོད།༽  ཉེས་མེད་ཆབ་སྲིད་བཙོན་པ་སོ་སོར་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་མྱོང་གི་ཡོད་པའི་ཐོག་ནང་མི་གཉེན་འབྲེལ་དང་། ཡུལ་སྡེ་ཁྱོན་ཡོངས་ལ་དམ་དྲག་དང་སུན་གཙེར། ངེས་མེད་འཛིན་བཟུང་བྱེད་པ་སོགས་ཛ་དྲག་ངང་གནས་ཡོད། གོ་སྐབས་འདི་བརྒྱུད་དེ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་མཆོག་

དང་། བྱ་བྲལ་རིན་པོ་མཆོག་གི་དབུས་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་གྲོལ་དགོས་པ་ རྒྱ་གཞུང་འགོ་འཁྲིད་རྣམ་པར་བརྡ་ལེན་སྤྲོད་ཀྱི་ཡོད།

༡༩༩༥ ཕྱི་ཟླ་ ༥ ཚེས་ ༡༧ ཉིན་རྒྱ་གཞུང་གིས་ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་རྒྱ་གཞུང་ གིས་བཙན་འཁྲིད་བྱས་པ་ནས་ད་ལྟའང་གར་སོང་ཆ་མེད་དུ་འགྱུར་ནས།   ༢༠༡༥ ཟླ་ ༥ ཚེས་ ༡༧ ཉིན་མོར་ ལོ་ཧྲིལ་པོ་ཉི་ཤུ་འཁོར་གྱི་ཡོད་སྟབས།   རྒྱལ་སྤྱི་ཧྲིལ་པོའི་སྟེང་ནས་གནད་དོན་ལ་དོ་སྣང་སྤྲོད་ཐོག་༸པཎ་ཆེན་རིན་པོ་མཆོག་གི་གནས་སྟངས་ཕྱི་གསལ་ནང་གསལ་དགོས་པ་གནོན་ཤུགས་རྒྱ་གཞུང་ལ་སྤྲོད་དགོས་པ་འབོད་བསྐུལ་ཞུ་ཡི་ཡོད།
ངེད་བུད་མེད་ལྷན་ཚོགས་ཀྱིས་སྐབས་དེར་དུས་དྲན་སྲུང་བརྩི་ཞུ་ཡི་ཡོད།

དེ་ལྟར་བོད་ནང་གི་དངོས་ཡོད་བདེན་པའི་གནས་སྟངས་རྒྱལ་སྤྱིའི་སྟེང་ཁྱབ་སྤེལ་བྱེད་སླད། ངེད་བུད་མེད་ལྷན་ཚོགས་ནས་ད་ལྟའི་བར་༼བོད་ནང་གི་འབོད་སྒྲ། བཙན་བྱོལ་ནས་ལག་བསྟར༽ ཞེས་པའི་བརྗོད་གཞི་འོག་རྒྱལ་སྤྱིའི་ཚོགས་འདུ་ཁག་ལ་མཉམ་ཞུགས་བྱེད་པ་དང་། གནད་ཡོད་མི་སྣ་ མཇལ་འཕྲད་ཀྱིས་གནད་དོན་འགྲེལ་བརྗོད་བྱེད་པ།   ལོ་རྒྱུས་འཁོད་པའི་དེབ་དཔར་བསྐྲུན། གནད་དོན་འབྲེལ་ཆགས་དང་བསྟུན་སྙན་ཐོ་འབུལ་བ། བརྙན་འཕྲིན་འཁོར་ཐག་བཟོ་བསྐྲུན། གསར་འགོད་གསལ་ བསྒྲགས།  འདུ་འཛོམས་ཀྱི་ཞི་བའི་ཁྲོམ་བསྐོར།     བོད་མི་བསྡོད་གནས་ཁག་ལ་བསྐོར་བསྐྱོད་ཀྱི་གོ་རྟོགས་ སྤེལ་བ།   སོགས་ཐབས་ལམ་སྣ་ཚོགས་བརྒྱུད་བོད་དོན་དྲིལ་བསྒྲགས་ཀྱི་འགན་འཁུར་ཞུ་མུས་སུ་ཡོད།
མ་འོངས་པར་ཡང་སྒྲིག་འཛུགས་མུ་མཐུད་གནས་དགོས་གལ་ལ་བརྟེན། བུད་མེད་ཀྱི་ནུས་སྟོབས་གོང་མཐོར་
སྤེལ་རྒྱུ་དགོས་དབང་དུ་གཟིགས་ཏེ།     རོགས་ཚོགས་ཀྱི་བཀྲིན་གྱིས་ཟབ་སྦྱོང་རིམ་པ་འབུལ་ཐུབ་པས་ཕན་ ཐོགས་ཆེན་པོ་ཡོང་གི་འདུག་པར་མ་འོངས་པར་མུ་མཐུད་སྤེལ་འཆར་ཡོད།

གཞན་གལ་འགངས་ཆེ་བའི་ཉིན་མོ་འདི་དང་བསྟུན་ངེད་ལྷན་ཚོགས་ནས་རྒྱ་ནག་འགོ་འཁྲིད་ཞི་ཅིན་ཕིན་ གྱིས་བཟང་ཕྱོགས་ཐོག་ནས་བོད་རྒྱའི་དཀའ་རྙོགས་ལ་གདོང་ལེན་གྱིས་གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་༼བོད་རྒྱ་ཞི་མོལ་༽ གྱི་ལམ་ནས་སེལ་ཐབས་བྱེད་རྒྱུ་ལས།   དུས་རབས་ཉེར་གཅིག་ནང་དངོས་ཡོད་ གནད་དོན་ལ་ལོག་བཤད་དང་གཡོལ་ཐབས་བྱེད་པས་ཁུངས་འཁྱོལ་ཐབས་མེད་པ་དྲན་བསྐུལ་ཞུ་ཡི་ཡོད།

རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་ནས་ལོ་ ༦༦ ལ་ཉེ་བའི་དུས་ཡུན་ནང་རྒྱ་ནག་དམར་གཞུང་གིས་ བོད་དོན་ནག་སྲུབ་གཏོང་རྒྱུའི་སྲིད་བྱུས་དེར་ནུས་པ་ཐོན་རྒྱུ་ལས་ལྡོག་སྟེ།   བོད་དོན་རྒྱལ་སྤྱིའི་གནད་དོན་ དུ་འགྱུར་ཡོད་ན།   དེ་ནི་གཙོ་ཆེ་༸སྤྱི་ནོར་༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་གིས་གུ་ཡངས་དཀྱིལ་ ཆེའི་དགོངས་བཞེད་བོད་དོན་འཐབ་རྩོད་འཚེ་མེད་ཞི་བའི་ལྟ་གྲུབ་ཁོ་ནར་བརྟེན་པ་དང་། འཇིག་རྟེན་ཀུན་ ཁྱབ་ཀྱི་ཐུགས་འགན་བཞེས་འོག་འཛམ་གླིང་ཡུལ་གྲུ་མང་པོར་༸ཞབས་ཀྱིས་བཅགས་ཏེ་ཞི་བདེའི་ཁོར་ཡུག་ བཀྲུན་པའི་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པའི་སྐུ་དྲིན་དང་། ཡང་སྒོས་གཞི་བཞུགས་བོད་མི་རྣམས་ཀྱི་རང་མི་རིགས་ཀྱི་ལ་རྒྱ་དང་ཆིག་བསྒྲིལ་གྱི་ནུས་པ་རི་ལྟར་སྲ་བརྟེན་གནས་ཐུབ་པ་བཅས་ཀྱི་བཀྲིན་ལས་ཡིན་པ་ཞུ་ཅི་ལ་དགོས།

ལྷག་དོན་རྒྱ་གཞུང་གིས་ཁྲིམས་འགལ་ཐོག་བོད་བཙན་གནོན་དབང་བསྒྱུར་མུན་ནག་གི་དུས་ཚོད་འདིར། བོད་ཀྱི་རྩ་ཆེའི་རིག་གཞུང་རྒྱུན་འཛིན་བྱེད་རྒྱུ་རང་གི་གཅེས་སྲོག་ལས་ཀྱང་གཙེགས་ཆེ་བ་འཛིན་ནས་ཕན་ ཐོགས་ཀྱི་ལས་ཀ་བྱེད་མཁན་བོད་མི་རྣམས་ལ། རྒྱལ་ཁབ་ཁ་བྲལ་གཏོང་མཁན་དང་། གསང་བ་ཕྱིར་གྱར་ བྱས་པའི་ཉེས་བཙུགས་བཙོན་འཇུག་མནར་གཅོད་དང་རྡུང་རྡེག་སོགས་ལ་ཚེ་སྲོག་བློས་གཏོང་གིས་གདོང་ ལེན་གནང་གི་ཡོད་པ་མཐོང་ཆོས་སུ་ཡོད།

རང་དབང་ལུང་པར་གནས་བསྡོད་བཙན་བྱོལ་བོད་མི་རྣམས་ལའང་རང་མི་རིགས་ཀྱི་རིག་གཞུང་མི་ཉམས་ རྒྱུན་འཛིན་གནང་རྒྱུར་ཟློག་ཏུ་མེད་པའི་དམིགས་བསལ་གྱི་འགན་ཆེན་པོ་ཞིག་མདུན་དུ་ལྷག་ཡོད་པ་དེར།    མ་སྐད་ཞོར་སྐད་དང་། དབྱེན་ཡིག་གཙོ་སྐད་ཡིན་པའི་རྣམ་པ།  དེང་དུས་ཀྱི་ཤེས་ཡོན་ཡོད་མེད་དང་།   སྟབས་བདེ་ལོས།  ལས་སླ་བཅོས་སོགས་ཀྱི་རྗེས་སུ་མ་སོང་བར། འཐབ་རྩོད་ཀྱི་མི་རབས་ཤིག་ཡིན་ཙ་ན།   རང་ཆས་སུ་ཡོད་པའི་སེམས་ཤུགས་དང་སྤྱི་སེམས་དེ།  དུས་རྒྱུན་ལྡན་ནས་ནང་ཆོས་གཙོ་བོར་འཛིན་པའི་ བོད་་ཀྱི་རིག་གཞུང་གཅེས་ནོར་ཡིན་པ་ངོས་འཛིན་ཐོག་རང་ཁྱིམ་ནས་འགོ་བཙུགས་ཏེ་ཆུང་བྱིས་པའི་དུས་ ནས་བོད་ཀྱི་ཡ་རབས་བཟང་པོའི་རིག་གཞུང་རང་གཤིས་སུ་འཇགས་ཐབས་ལ་སྙིང་ནས་འབད་བརྩོན་ཞུ་རྒྱུ་   དང་།
ལྷག་པར་གཞུང་སྒེར་ཚོགས་སྐྱིད་སྤྱི་ཚོགས་ནང་འགན་ཡོད་འགོ་འཁྲིད་རྣམས་ཀྱི་མ་སྐད་ཀྱི་ཆུ་ཚད་ཅིས་ཀྱང་ ང་ཚོ་རང་ངོས་ནས་འགན་འཁུར་ཀྱིས་གནས་བབ་ཡར་རྒྱས་སུ་གཏོང་དགོས་པའི་གནད་དོན་ཆགས་ཡོད་ན། གཞུང་སྒེར་གཉིས་ངོས་ནས་ལྷོད་གཡེང་གནང་མི་འོས་པའི་བཅག་བསྐུལ་ཞུ་ཡི་ཡོད་ལགས།

གཞན་དེ་རིང་གི་གོ་སྐབས་འདི་བརྒྱུད་དེ་ཞུ་རྒྱུར། དེ་སྔ་ནས་བུད་མེད་ལྷན་ཚོགས་ཀྱིས་བུད་མེད་གང་མང་ ཆེད་མཁས་པ་ཐོན་ཐབས་སུ། སློབ་ཡོན་མཐུན་འགྱུར་སྦྱར་གྱི་ཡོད་པ་ལྟར། ༢༠༡༥ ལོར་བུད་མེད་གཅིག་ལ་ (Gynaecology)   ཞེས་བུད་མེད་ཀྱི་ནད་གསོ་བའི་དམིགས་བསལ་ཆེད་མཁས་སྨན་པའི་སྦྱོང་བརྡར་གྱི་ སློབ་ཡོན་འབུལ་གྱི་ཡོད་ན།   ཆ་ཤས་ལེན་འདོད་ཡོད་རིགས་ཀྱི་བུད་མེད་སློབ་མ་སོ་སོ་ནས་་བུད་མེད་ལྷན་ ཚོགས་ཀྱི་དྲ་རྒྱར་གཟིགས་གནང་གིས་ལས་ཁུངས་སུ་འབྲེལ་བ་ཡོད་པ་ཞུ།།

འཛམ་གླིང་སྟེང་ཡོངས་གྲགས་ཀྱིས་དད་བསྐུར་བློ་བཅོལ་ཞུ་ཡུལ་སྙིང་རྗེའི་བདག་ཉིད་ཆེན་པོ་འཛམ་གླིང་ ཞི་བདེའི་དེད་དཔོན་གྱི་མཚན་གནས་བཞེས་མཁན་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་བཞེས་ལ་རྒྱ་གཞུང་གིས་ལོག་འགྲེལ་གྱི་མཚན་སྨད་ཞུ་བ་དང་ རྒྱལ་ཁབ་དབུ་འཁྲིད་ཁག་དང་མཇལ་འཕྲད་གནང་རྒྱུར་དབང་ཚད་ལས་བརྒལ་ནས་བཀག་འགོག་གནོན་ཤུགས་སྤྲོད་རྒྱུ་མཚམས་འཇོག་དགོས་པ་འབོད་བསྐུལ་བྱེད་ཀྱི་ཡོད།
རྒྱ་གཞུང་གིས་དངུལ་བསླུ་འོག་ཕྱིན་པའི་དོལ་རྒྱལ་བསྟན་གསོལ་ཁ་ལ་འཁྱེར་མཁན་བོད་རིགས་དང་ཕྱི་མི་ཉུང་ཤས་ཤིག་གིས་གཞི་མེད་སྐྱོན་བརྗོད་དང་ངོ་རྒོལ་རབ་དང་རིམ་པ་སྤེལ་ནས་ལོག་འགྲེལ་རྒྱག་བཞིན་པའི་ཐ་ཤལ་གྱི་བྱ་བར་བོད་ཀྱི་ བུད་མེད་ལྷན་ཚོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་པ་དང་སྦྲགས་ཕན་མེད་བྱ་བ་དེ་རིགས་མཚམས་འཇོག་དགོས་པའི་བརྡ་ལེན་སྤྲོད་ཀྱི་ཡོད།

མཐའ་དོན། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཛམ་གླིང་ཞི་བདེའི་དེད་དཔོན་འགྲོ་བ་སེམས་ཅན་ཡོངས་ལ་ ཐུགས་བྱམས་བརྩེར་ཉི་རིང་མེད་པ། བླ་ན་མེད་པའི་དབུ་འཁྲིད། ལས་དབང་བསོད་ནམས་ལྡན་པའི་སྐྱེ་བོ་ ཀུན་གྱིས་འདི་ཕྱིའི་སྐྱབས་གནས་དམ་པ།ལྷག་པར་བོད་གངས་ཅན་པ་ཡོངས་ཀྱི་བལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་༸གོང་ས་༸སྐྱབས་མགོན་ཆེན་པོ་ མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱའི་བར་དུ་བརྟན་པ་དང་ མཛད་འཕྲིན་རྒྱས་ཤིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བསྟན་འཛིན་གྱི་སྐྱེས་   ཆེན་དམ་པ་གང་ན་སུ་བཞུགས་རྣམས་སྐུ་ཚེ་ཞབས་པད་ཡུན་དུ་བརྟན་ཅིང་འགྲོ་དོན་རྒྱས་ཤིང་། ༸གོང་ས་མཆོག་དབུ་བཞུགས་ཀྱིས་གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་གི་ཉི་མ་མྱུར་དུ་ཤར་བའི་བཀྲིས་སྨོན་འདུན་ཞུ་རྒྱུ་ཡིན།

བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་ཁང་ནས། ཕྱི་ལོ་༢༠༡༥ ཟླ་ ༣ ཚེས་ ༡༢ ལ།


Viewing all articles
Browse latest Browse all 165

Trending Articles